ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན། རྒྱ་གར་ལྷོ་ཕྱོགས་བྷང་ལོར་ས་གནས་སུ་ལྷོ་སྤྱི་དང་སྒོ་མང་མཁན་རིན་པོ་ཆེ་གཉིས་གཙོས་པའི་འབྲེལ་ཡོད་ལས་བྱེད་ཁག་གཅིག་བཅས་ནས་ཀར་ནཱ་ཊ་ཀ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་ཀྱིས། ༸རྒྱལ་བའི་མཛད་འཕྲིན་དང་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག་པ་མ་ཟད། ཁུལ་དེར་རྟེན་གཞི་བྱས་པའི་མཐོ་སློབ་ཁག་གཅིག་གི་ནང་དེ་འབྲེལ་གཏམ་བཤད་ཀྱི་ལས་རིམ་དང་བོད་ཀྱི་རིག་གཞུང་མཚོན་པའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་སོགས་ཀྱི་བརྒྱུད་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་འདུག དེ་ཡང་འདི་ག་གསར་ཁང་ལ་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་གཞིར་བཟུང་ལྟར་ན། ཉེ་ལམ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་ལགས་གཙོ་བོར་གྱུར་བའི་འབྲེལ་ཡོད་ལས་བྱེད་ཁག་གཅིག་བཅས་ནས་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Thawar Chand Gehlot མཆོག་དང་མཇལ་འཕྲད་ཀྱིས། ༸རྒྱལ་བའི་མཛད་འཕྲིན་དང་། ༸གང་ཉིད་མཆོག་གི་རླབས་ཆེན་གྱི་དགོངས་གཞི། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ། དེ་བཞིན་རྒྱ་གར་གཞུང་དང་ལྷག་དོན་དུ་ཀར་ནཱ་ཊ་ཀ་མངའ་སྡེ་ནས་ད་བར་བོད་མིར་རྒྱབ་སྐྱོར་དང་རོགས་རམ་གནང་བར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་གནང་འདུག་ལ། སྐབས་དེར་མངའ་སྡེའི་སྲིད་སྐྱོང་མཆོག་གིས་ཀྱང་༸རྒྱལ་བའི་འཁྲུངས་སྐར་ལ་འཚམས་འདྲི་དང་འབྲེལ་སྙན་སེང་ཞུས་པའི་གནད་དོན་ཁག་གི་ཐད་ཐུགས་སྣང་ཆེན་པོས་བཀའ་མོལ་གནང་ཡོད་པ་རེད་འདུག མ་ཟད་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ལྷོ་སྤྱི་ལས་ཁུངས་དང བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་གཉིས་ཀྱིས་ཟུང་སྦྲེལ་ཐོག་རྒྱ་གར་ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་ནང་དུ་ཟླ་འདིའི་ཕྱི་ཚེས་ ༨ ནས་བཟུང་ཉིན་གྲངས་གསུམ་ཙམ་གྱི་རིང་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩིའི་ཆ་ཤས་སུ་གོ་སྒྲིག་ཞུས་པའི་ལས་རིམ་ཁོངས་སུ་གཞན་ཡང་། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་གྱི་མཐོ་སློབ་ Jyoti Nivas College དང་། Mount Carmel College, St. Joseph’s University, Surana College, V.E.T First Grade College བཅས་སུ་སྒོ་མང་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་ལགས་དང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་གཉིས་ནས་༸རྒྱལ་བའི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་གཙོས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་དང་། ལྷག་པར་དུ་ཉེ་ལམ་རྒྱ་ནག་གིས་བཙན་དབང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་པའི་སྐོར་དང་། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་སོགས་བོད་ཕྱི་ནང་གཉིས་སུ་དབར་བོད་མི་ ༡༧༠ ཙམ་གྱིས་རྒྱ་ནག་ལ་ངོ་རྒོལ་མཚོན་བྱེད་དུ་རང་ལུས་མེར་བསྲེགས་བཏང་བ་བཅས་བོད་ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། དེ་འབྲེལ་དྲི་བ་དྲི་ལན་གནང་ཡོད་པ་མ་ཟད། ཀ་ལོན་སྦུག་ནས་ཆེད་མངགས་ཕེབས་པའི་གངས་ལྗོངས་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱི་རིག་གཞུང་མཚོན་པའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཡང་ཞུས་ཡོད་པ་རེད་འདུག དེའི་སྐོར་འདི་གའི་གསར་འགོད་པས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་སུ་བཀའ་འདྲི་ཞུས་ཡོད།